མདོ་ཁམས་ཆུ་བཞི་སྒང་དྲུག

Dokham Chushi Gangdrug

ཆུ་བཞི་གངས་དྲུག་ལོ་ ༦༤ འཁོར་བའི་ཡོངས་ཁྱབ་གསུང་འཕྲིན།

༄༅། །མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༤ འཁོར་བའི་ཡོངས་ཁྱབ་གསུང་འཕྲིན།

༄༅། །བོད་རྒྱལ་ལོ་ ༢༡༤༩ རབ་བྱུང་ ༡༧ པའི་ཆུ་སྟག་ལོའི་བོད་ཟླ་ ༤ ཚེས་ ༡༧ དང་། ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༡༦ ཉིན་མོ་འདི་ནི། བོད་ཀྱི་རྒྱལ་ས་ལྷ་སའི་ལྷོ་ཁུལ་ལྕགས་ཚ་གྲི་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༤ འཁོར་བའི་བོད་གངས་ཅན་གྱི་དཔའ་བོའི་ཉིན་མོ་ཡིན་ལ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཁྱབ་ཁོངས་ས་གནས་ཡོངས་སུ་རྫོགས་པས་ཉིན་བརྒྱ་དུས་གཅིག་ཏུ་དུས་དྲན་འདི་སྲུང་བརྩི་ཞུ་བཞིན་ཡོད།  

འདིར་ཆེས་ཐོག་མར་དྲན་གསོ་དང་གུས་འདུད་ཞུ་དགོས་ས་གཙོ་བོ་ནི། ཕྱི་ལོ་ ༡༩༤༨ ནས་ད་བར་བོད་ཁ་བ་ཅན་གྱི་རྒྱལ་བསྟན་ཆབ་སྲིད་མི་རིགས་སྤྱིའི་བདག་དབང་སྲུང་སྐྱོབ་ཆེད་རྩ་ཆེའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་ནས་སྐུ་གཤེགས་པའི་གངས་ལྗོངས་དཔའ་བོའི་ཁྱུ་མཆོག་ཛ་སག་དམག་སྤྱི་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་གཙོས་ཆུ་སྒང་གི་དཔའ་རྒོད་ཞིང་གཤེགས་རྣམས་དང་། ད་ལྟ་ཞལ་བཞུགས་པའི་རྒྱལ་གཅེས་སྙིང་སྟོབས་དང་ལྷག་བསམ་ལྡན་པ་རྣམས་ཡིན། གོ་སྐབས་འདི་བརྒྱུད་ནས་གཤེགས་ཟིན་པའི་རྒྱལ་གཅེས་དཔའ་རྒོད་ཁོང་ཅག་ལ་ཡིད་གདུང་དྲག་པོའི་སྒོ་ནས་མྱ་ངན་གུས་འདུད་ཞུ་བཞིན་ཡོད་ལ། ཤུལ་ལུས་ལྟོས་བཅས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱང་སེམས་གཏིང་ནས་ཞུ་བཞིན་ཡོད། དེ་བཞིན་དེ་རིང་གི་དུས་དྲན་མཛད་སྒོ་འདིར་ཆེད་ཕེབས་གནང་བའི་བཀུར་འོས་འབྲེལ་ཡོད་མི་སྣ་ཡོངས་ལ་གུས་བཀུར་ཆེན་པོའི་ངང་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེའང་བོད་བཙན་པོ་རིམ་བྱོན་གྱི་དུས་སྐབས་ནས་རི་ཁ་བ་ཅན་གྱི་ལྗོངས་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། ཡར་གླིང་སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་དབང་བསྒྱུར་ཞིང་མངའ་ཐང་དར་བའི་རྩེ་མོ་དགུང་དུ་སོན་ཏེ་ཕྱོགས་ཀྱི་དྲེགས་ལྡན་རལ་པ་གདན་དུ་བཏིང་བའི་ལོ་རྒྱུས་འཛམ་གླིང་གི་ཟིན་ཐོ་དང་། རྡོ་རིང་།

བྲག་བརྐོས། དྲིལ་བུའི་ཁ་བྱང་། དེ་བཞིན་དེབ་ཐེར་ཁག་ན་གསལ་པོར་འཁོད་ཡོད་ཅིང་། རང་ས་རང་བདག་དང་རང་དབང་སྲུང་སྐྱོབ་ཆེད། བཙན་འཛུལ་བའི་ནུས་སྟོབས་ཆེ་ཞན་དང་། གོ་ལག་གི་མཐུན་རྐྱེན་འཛོམས་མིན།    དམག་ཤུགས་ཀྱི་གྲངས་ཀ་མང་ཉུང་སོགས་ལ་མ་ལྟོས་པར་ཆབ་སྲིད་དང་། དཔལ་འབྱོར། དམག་དོན་སོགས་ཕྱོགས་ཡོངས་ནས་དབང་ཆ་འདྲ་མཉམ་ཐོག་རྒྱལ་ཁབ་མང་པོ་དང་ལྷན་དུ་དཔུང་པ་མཉམ་གཤིབ་ཀྱིས་ཞི་བདེ་ལྷིངས་འཇགས་ངང་དུས་རབས་མང་པོའི་རིང་གནས་ཡོད།

ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་བཙན་བཟུང་བྱས་པ་ལས། བོད་དེ་རྒྱ་ནག་གི་ཆ་ཤས་དུས་ནམ་ཡང་མིན་ལ། བོད་མི་སུ་ཞིག་གིས་ད་ཆ་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་གླེང་ན། དེ་ནི་ཤེས་པ་རྣལ་དུ་མི་གནས་པའི་རྒྱལ་འཚོང་བ་ཞིག་གི་འཆལ་གཏམ་རེད་ཅེས་དེ་རིང་འདི་ནས་ནན་བརྗོད་བྱེད་རྒྱུ་ཡིན།

        ཕྱི་ལོ་ ༡༩༤༩ ནས་བཟུང་དགྲ་བོ་རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱེད་རྒྱུའི་བསམ་ངན་ཞེ་ལ་འཆང་ཞིང་། བོད་རྒྱལ་ཁབ་ཆེན་མོའི་བདག་དབང་བཙན་གྱིས་འཕྲོག་རྒྱུའི་སྦྱོར་ངན་ལག་ཏུ་བསྟར་ཏེ། བོད་ཡུལ་དུ་བཙན་འཛུལ་བྱེད་འགོ་བཙུགས་པ་སོགས་ཆེས་ཛ་དྲག་དང་གཉན་འཕྲང་ཅན་གྱི་དུས་སྐབས་དེར། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཁྱབ་ཁོངས་རྒྱལ་གཅེས་དཔའ་རྒོད་ཚོས་རང་ས་རང་སྲུང་གི་སྙིང་སྟོབས་དང་ཆོད་སེམས་བརྟན་པོའི་ངང་བཙན་རྒོལ་རྒྱལ་སྐྱོབ་ཆེད་དུ་རང་སྲོག་དམར་པོ་དགྲ་བོའི་རྫས་མདེལ་གྱི་སོ་ཁར་གཏད་ནས། ཐོག་མར་མདོ་ཁམས་ཤར་ཕྱོགས་ནས་དགྲ་བོར་འགོག་རྒོལ་རིམ་པར་བྱེད་མུས་ཡིན་སྟབས། བོད་ཀྱི་རྒྱལ་ས་ལྷ་སར་གནས་བཞུགས་ཁམས་རིགས་དཔའ་བོ་རྣམས་ཀྱིས་རྫི་གསང་དོད་པོའི་ངང་ནས་བྱ་ར་བྱེད་ཀྱིན་ཐབས་བརྒྱ་ཇུས་སྟོང་གིས་རྒོལ་ལན་སློག་རྒྱུ་ཕྱོགས་འགྲོའི་གྲབས་གཤོམ་གྲུབ་པར་བྱས།

ཕྱི་ལོ་ ༡༩༥༨ ཟླ་ ༢ ཚེས་ ༡༨ ཉིན་གངས་ཅན་དཔའ་བོའི་ཁྱུ་མཆོག་དམག་སྤྱི་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་གཙོས་མདོ་ཁམས་ཡུལ་གྱི་གནད་ཡོད་མི་སྣ་བཞི་བཅུ་ཙམ་བོད་ཀྱི་རྒྱལ་ས་ལྷ་སའི་ཨ་འབྲུག་ཚང་གི་མཆོད་ཁང་ནང་གསང་སྟབས་ཀྱིས་འཛོམས་ཏེ། བོད་རྒྱལ་ཁབ་ཆེན་མོའི་རང་དབང་རང་བཙན་གྱི་བདག་དབང་སྲུང་སྐྱོབ་ཆེད། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་ཇི་ལྟར་གསར་འཛུགས་དགོས་མིན་སྐོར་གྱི་ཞིབ་གྲོས་དང་། དགྲ་བོ་ལ་རྒོལ་ལན་སློག་རྒྱུའི་མནའ་གན་མཐུ་མོ་ཆེ་བཞག་ནས་བོད་རྒྱལ་ཁབ་ཆེན་མོ་སྲུང་སྐྱོབ་བྱེད་རྒྱུར་ཆེས་ཐོག་མའི་དམ་བཅའ་དང་པོ་དེ་ཕུལ་ཡོད།

ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ས་ཕོ་ཁྱིའི་ལོ། བོད་ཟླ་ ༥ ཚེས་པ་བདུན་གྱི་ཉིན་མོར། ཡར་འབྲོག་གཡུ་མཚོའི་ཕར་འགྲམ། གཉལ་ལྷུན་རྩེ་རྫོང་གི་ཚུར་འགྲམ། ཡར་ཀླུང་ཕོ་བྲང་གི་ཕར་ནང་། མཚོ་སྣའི་ཐང་ཆེན་གྱི་ཡར་ནང་། རྒྱལ་ས་ལྷ་སའི་ལྷོ་ཁུལ། དཔལ་མགོན་པོ་ནག་པོའི་བླ་མཚོ། ལྕགས་ཚ་གྲི་གུའི་མཚོ་ཁ། གངས་ལྗོངས་དཔའ་བོའི་འདུ་ར། ཐང་ཆེན་བཀྲ་ཤིས་མཐོང་སྨོན་གླིང་དུ་ཆུ་སྒང་གི་དཔའ་རྒོད་ཚོས་བོད་གངས་ཅན་ལྗོངས་ཀྱི་རྒྱལ་བསྟན་ཆབ་སྲིད་དང་བཅས་པའི་བདག་དབང་སྲུང་སྐྱོབ་ཆེད་དུ། བོད་བཙན་པོའི་དུས་སྐབས་ཀྱི་སྙིང་ཁམས་དང་སྟོབས་ཤུགས་སླར་གསོ་བྱས་ཏེ། རྒྱལ་ཞེན་གྱི་མེ་ལྕེ་དགུང་དུ་མཆེད་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དངོས་སུ་དབུ་འཛུགས་ཞུས་ཡོད།

དེ་ནས་དགྲ་བོར་འགོག་རྒོལ་གྱི་བྱེད་ཐབས་སྔོན་སོང་ཐོག །ཡབ་མེས་བཙན་པོ་རིམ་བྱོན་གྱི་སྙིང་སྟོབས་ལས་བསྐྲུན་པའི་བོད་རྒྱལ་ཁབ་ཆེན་མོའི་བདག་དབང་སྲུང་སྐྱོབ་ཆེད་དམག་དང་གོ་མཚོན་བསྡུ་རུབ་བྱས་ནས་དམག་འཐབ་ཀྱི་ཐབས་ཇུས་འདྲ་མིན་བཏིང་ཞིང་། ལྷག་པར་དུ་དགྲ་བོ་རྒྱ་དམར་གྱི་རྒྱལ་རྟགས་ཟོར་བ་དང་ཐོ་བའི་ཁ་གནོན་དུ་དམིགས་ཏེ། དགྲ་སྲོག་རྩད་ནས་གཅོད་ཅིང་གཡུལ་ལས་རྣམ་པར་རྒྱལ་བའི་རྟེན་འབྲེལ་མཚོན་ཆེད་དམག་དར་རལ་གྲི་བསྣོལ་མ་ཡང་གསར་བཟོ་བྱས་ཡོད་པ་རེད།

ཉིན་དེ་ནས་བཟུང་དམག་དར་རལ་གྲི་ཁ་སྤྲོད་འདི་བོད་ཁ་བ་གངས་ཅན་པའི་སྙིང་སྟོབས་དང་ཆོད་སེམས་སུ་བརྩིས་ནས་མཁའ་དབྱིངས་སུ་བསྒྲེངས། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་ཁོངས་ཀྱི་དཔའ་རྒོད་ཚོས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་བདག་དབང་སྲུང་སྐྱོབ་དང་། ལྷག་པར་དུ་བོད་རྒྱལ་བསྟན་ཆབ་སྲིད་དང་བཅས་པའི་སྲོག་རྩ་ཉག་གཅིག་༸གོང་ས་༸རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་སྐུ་ཕྱྭའི་ཉེན་སྲུང་བཅས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཡོངས་རྫོགས་བློས་བཏང་སྟེ། དགྲ་བོ་རྒྱ་དམར་ལ་བོད་ཀྱི་རྒྱལ་ས་ལྷ་སའི་བྱང་ཁུལ་དུ་དམག་ཐེངས་ ༡༨ དང་། ལྷོ་ཁུལ་དུ་དམག་ཐེངས་ཆེ་བ་ ༣༤ ཆུང་བ་ ༧༥ ལྷག་བརྒྱབ་ནས་རི་སྒང་སྒང་ཐམས་ཅད་རོ་ཡིས་བཀང་ཞིང་རུས་པའི་རི་བོ་བརྩིགས། ལུང་གཤོང་གཤོང་ཐམས་ཅད་ཁྲག་གིས་ཁེངས་ཏེ་ཞག་གི་རྒྱ་མཚོ་བསྐྱིལ། ཚེ་སྲོག་འབེན་ལ་བཞག །ཤི་བསད་ཁྲག་གི་འཁོར་ལོ་བསྐོར་བའི་དངོས་བྱུང་ལོ་རྒྱུས་འདི་ནི། བོད་གངས་ཅན་པའི་ཉེ་རབས་ཀྱི་ལོ་རྒྱུས་ནང་གསེར་གྱི་ཡིག་འབྲུའི་ལམ་ནས་འབྲི་རིན་ཡོད་པ་ཞིག་ཡིན་ལ། ལས་འབྲས་དཔང་པོར་འཇོག་མཁན་གྱི་འགྲོ་བ་མིའི་སྤྱི་ཚོགས་ཤིག་ཡིན་ན། དེ་ལྟར་ཅིས་ཀྱང་ངོས་འཛིན་བྱེད་དགོས་ངེས་ཤིག་ཀྱང་རེད། དགྲ་དམག་ཁྲི་

ཚོ་མང་པོ་དཔུང་སྣོན་འབྱོར་ནས་མང་སྣེ་ཉུང་གིས་མ་བརྟན་པའི་དུས་སྐབས་སུའང་། རྒྱལ་གཅེས་དཔའ་རྒོད་ཚོས་དམག་འཐབ་ལས་རྒྱལ་ཁ་ལོན་ཐུབ་པའི་རེ་བ་དང་། སྙིང་སྟོབས། ཆོད་སེམས། ལར་ཞེན་སོགས་ལ་འགྱུར་བ་བཏང་མ་མྱོང་།

དེ་བཞིན་ཆུ་སྒང་གི་དཔའ་བོ་ཚོས་ཨ་རིའི་གསང་བའི་ལས་ཁུངས་ (CIA) ལ་འབྲེལ་བ་བྱས་ཏེ་གསང་བའི་དམག་སྦྱོང་ཐོབ་པའི་ལི་ཐང་ཨ་ཐར་ནོར་བུ་དང་། སྡེ་དགེ་བྱ་རྒོད་སྲས་དོན་ཡོད་སོགས་བོད་ཁ་བ་ཅན་པའི་བསྟན་སྲིད་དང་མི་རིགས་ལ་ཞེ་བློ་དཀར་བའི་དཔའ་རྒོད་མང་པོ་ཞིག་སྔ་ཕྱིར་བོད་ཀྱི་ས་ཐོག་ཏུ་གནམ་མཆོང་བརྒྱབ་སྟེ་དགྲ་བོ་ལ་ཕར་རྒོལ་དྲག་པོ་བྱས་ཡོད། མཐར་ཕྱོགས་ཡོངས་ནས་མང་སྣེ་ཉུང་གིས་མ་བརྟན། མདའ་མཚོན་གོ་ལག་གིས་མ་འདངས། ལྟག་ཆུ་ཆད་པའི་རྫིང་བུ་བཞིན། མགོ་ཐོག་གི་གནམ་ཨ་སྔོན་དང་། རྐང་འོག་གི་ས་དོག་མོ་མ་གཏོགས་དཔའ་ཡ་དཔུང་རོགས་སུའང་མ་བྱུང་བས། ཁམས་པའི་རྒྱལ་གཅེས་དཔའ་རྒོད་ཁྲི་ཚོ་མང་པོ་ཞིག་དགྲ་བོའི་མེ་སྒྱོགས་དང་རྫས་མདེལ་འོག་ནས་སྔ་ཕྱིར་གཅེས་པའི་ཚེ་སྲོག་ཤོར་ཏེ་མི་ལོ་ ༦༤ ཕྱིན་པའི་དེ་རིང་གི་ཉིན་མོར་མགྲིན་པ་མཆི་མས་རྣོང་ཞིང་ཡིད་ཀྱི་གདུང་བ་དྲག་པོའི་སྒོ་ནས་མྱ་ངན་ཞུ་རྒྱུ་ཡིན་པ་མ་ཟད། འུ་ཅག་གི་ཡབ་མེས་དག་གནམ་སྔོན་མོའི་དགུང་དུ་གཤེགས་ནའང་། ཚེ་ཚེ་རབས་རབས་ནས་ཁོང་ཅག་གི་དམིགས་ཡུལ་དང་ཕུགས་བསམ་རྒྱུན་འཛིན་བྱ། འདི་ནི་ལོ་རྒྱུས་ཀྱིས་སྤྲད་པའི་འགན་འཁྲི་ཡིན་ལ། ལས་ཀྱིས་བཞག་པའི་ལམ་སྣེ་དང་། ཐོད་པར་བྲིས་པའི་རི་མོའང་ཡིན་ཞེས་དུས་དྲན་འདི་དང་འབྲེལ་ནས་སླར་ཡང་གསལ་འདེབས་ཞུ་རྒྱུ་ཡིན།

མདོ་ཁམས་ཆུ་བཞི་སྒང་དྲུག་གི་དཔའ་རྒོད་ཚོས་མུ་མཐུད་ནས་བཙན་རྒོལ་རྒྱལ་སྐྱོབ་ཀྱི་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་བོད་བཙན་པོའི་རྒྱལ་ཁབ་ཆེན་མོ་འདི་མུ་མཐུད་གནས་ཐབས་དང་། བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བོད་མིའི་བླ་ན་མེད་པའི་མཚོན་རྟགས་༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་ཆེད་དུ་ཚེ་སྲོག་གི་འགྲོ་གྲོན་བཏང་ནས་ལྷག་བསམ་གཡོ་བ་མེད་པའི་ཐོག་འབད་བརྩོན་བྱས་འབྲས་ལ་བརྟེན།  མཐར་བཙན་བྱོལ་དུ་གྱར་དགོས་ཐུག་ཀྱང་།  བོད་མིའི་གཞུང་དང་གཞུང་གི་མཛད་གཙོ་རྣམ་པ། ལྷག་པར་༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཟིལ་པ་ཁྲོམ་མེར་ད་དུང་ཡང་བོད་མིའི་བླ་ན་མེད་པའི་མགོན་སྐྱབས་ཙམ་དུ་མ་ཟད། གླིང་ཆེན་ཨེ་ཤ་ཡ་བརྒལ་ནས་འཛམ་གླིང་ཞི་བདེའི་དེད་དཔོན་གྱི་མཚན་སྙན་སྲིད་པ་གསུམ་གྱི་ཁྱོན་ན་འབར་བཞིན་བཞུགས་ཡོད་ཅིང་། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱིས་མཚོན། སའི་གོ་ལ་འདིའི་ཐོག་གཟེངས་རྟགས་

བརྒྱ་ཕྲག་ལས་བརྒལ་བ་རིམ་པར་བཞེས་གནང་བ་སོགས་ཀྱང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དཔའ་རྒོད་དམ་པ་ཚོས་རང་སྲོག་དམར་པོ་འབེན་ལ་བཙུགས་པའི་གྲུབ་འབྲས་གཙོ་བོ་དེ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད།

བཙན་བྱོལ་རང་དབང་ལུང་པར་འབྱོར་བའི་རྗེས་སུའང་། མདོ་ཁམས་ཆུ་བཞི་སྒང་དྲུག་གི་མགོ་དམངས་ཡོངས་ནས་ས་གང་སྐྱིད་ཀྱི་ཉི་མ་འདེ། ཆུ་གང་ཞིམ་གྱི་བྲོ་བ་མྱོང་སྟེ་རང་མགོ་རང་ཐོན་བྱས་ནས་ཕྱིན་མེད་ལ། རྩྭ་ཤར་ནས་ཟ། རིལ་མ་ནུབ་ལ་བཏང་སྟེ་ཕ་མགོ་བུ་གཡོག་དང་བུ་མགོ་དགྲ་གཡོག་གི་ལས་ཀའང་བྱེད་མ་མྱོང་།  མུ་མཐུད་དེ་གློ་དམག་སྒར་གསར་འཛུགས་བྱས་ཤིང་། བསྟན་དགྲ་རྒྱ་དམར་ལ་སྔ་ཕྱིར་འཐབ་རྒོལ་རིམ་པར་བྱས་ཡོད་ཚུལ་ད་ཆ་འཛམ་གླིང་གི་ཟིན་ཐོ་བྱུང་རབས་དེབ་ཐེར་མང་པོའི་ནང་དངོས་བྱུང་ལོ་རྒྱུས་འཐོན་བཞིན་ཡོད།

ལྷག་པར་༸སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་ཉི་མའི་འོད་སྣང་དང་མ་འབྲལ་བར། རང་འགན་རང་ཁུར་ཐོག་སྒྲིག་འཛུགས་འདིའི་ངོས་ནས་བོད་རྒྱལ་བསྟན་ཆབ་སྲིད་ཛ་དྲག་དང་གཉན་འཕྲང་ཆེ་བའི་སྐབས་ནས་ད་ལྟའི་བར་བོད་གཞུང་ངམ་དབུས་བོད་མིའི་སྒྲིག་འཛུགས་ལ་ལྷག་བསམ་གཡོ་བ་མེད་པའི་ཐོག་དབུ་འོག་དཔུང་འདེགས་བྱས་ཡོད་པ་ལས། ༸གོང་ས་མཆོག་གི་མཚན་བེད་སྤྱོད་ལོག་པར་བཏང་ནས་ནང་ཁུལ་མཐུན་ལམ་ལ་གཏོར་བརླག་དང་། དགྲ་དགའ་གཉེན་སྡུག་གི་ལས་ཀ་མངོན་ལྐོག་རྒྱབ་མདུན་གང་ནས་ཀྱང་སྒྲུབ་མྱོང་མེད་པ་མ་ཟད།  མདོ་ཁམས་ཆུ་བཞི་སྒང་དྲུག་གི་མི་རབས་རྒན་པ་ཚོའི་བོད་བསྟན་སྲིད་ལ་བཅངས་པའི་རླབས་ཆེན་གྱི་ལྷག་བསམ་དང་འོད་སྟོང་འབར་བའི་ཕུགས་འདུན་གཞིར་བཟུང་གིས་མི་རབས་གསར་པའི་གཞོན་ནུ་རྣམས་ཀྱིས་ལས་དོན་མཇུག་སྐྱོང་དང་། བོད་དོན་བདེན་མཐའ་གསལ་ཐབས་སུ་དུས་ནས་དུས་སུ་བོད་མིའི་སྒྲིག་འཛུགས་ལ་ཕྱར་གྲུ་མཉམ་འདེགས་ཀྱི་ལས་ཁུར་ཞུ་མུས་ཡིན་པ་སྟོང་སྡེ་ཀུན་གསལ་འདི་ག་ལགས།

དེ་བཞིན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ཀུན་ལམ་སྟོན་གནང་དོན་ལྟར་བོད་ཀྱི་བྱུང་རབས་ཁྲོད་རྒྱལ་གཅེས་དཔའ་བོ་འདས་གསོན་ཡོངས་ཀྱི་ལོ་རྒྱུས་བསྡུ་སྒྲིག་དང་། བོད་བསྟན་སྲིད་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་མྱོང་མཁན་གྱི་རྒན་རབས་ཚོར་བཀའ་དྲིན་རྗེས་དྲན་ཆེད་རྒྱུན་དུ་ནས་ཆུ་སྒང་རྒན་གསོ་ཁང་དུ་རྒན་རབས་ཚོར་ལྟ་སྐྱོང་གང་ལེགས་བྱེད་བཞིན་ཡོད་པ་ཙམ་དུ་མ་ཟད། རྒན་རབས་གྲངས་ ༡༦༠ ལ་འཚོ་སྣོན་རོགས་སྐྱོར་ལོ་ལྟར་འབུལ་བཞིན་ཡོད། དེ་བཞིན་རྡ་ས་ཆུ་སྒང་རིག་གནས་འཛིན་གྲྭར་སྐད་ཡིག་སློབ་སྦྱོང་སྤྲོད་བཞིན་པ་མ་ཟད། མ་འོངས་བོད་ཀྱི་སོན་རྩར་གྱུར་པའི་སློབ་ཕྲུག་ཚོར་སྐུལ་

ལྕག་དང་རྒྱབ་སྐྱོར་ཆེད་ལོ་ལྟར་མཐོ་སློབ་འགྲིམ་མཁན་གྱི་སློབ་མ་ ༨༠ དང་། གཙུག་ལག་རབ་འབྱམས་པ་འགྲིམ་བཞིན་པའི་གཞོན་སྐྱེས་ ༢༠ བཅས་བསྡོམས། མཐོ་རིམ་སློབ་ཕྲུག་ ༡༠༠ ཐམ་པར་སློབ་ཡོན་འབུལ་བཞིན་པའི་ལས་དོན་འདི་ཡང་༸གོང་ས་མཆོག་གི་བཀའི་ཆ་ཤས་ཙམ་སྒྲུབ་ཐབས་ལ་འབད་རྩོན་བྱས་པ་ཡིན།

ཕྱི་ལོ་ ༢༠༠༠ ལོར་༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་རྒྱལ་ཡོངས་འོས་བསྡུ་བྱེད་དགོས་པའི་ཡོངས་ཁྱབ་བཀའ་སློབ་ལམ་སྟོན་གནང་བའི་ཉིན་དེ་ནས་བཟུང་། ད་ལྟའི་དབུས་རྒྱུན་སྐབས་ ༢༢ བར་རྒྱལ་ཡོངས་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་དོན་བཞིན་བོད་བསྟན་སྲིད་སྤྱི་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ཞབས་འདེགས་གང་ཐུབ་སྒྲུབ་བཞིན་ཡོད་པ་དང་། བྱེ་བྲག་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འདས་པའི་ཚོགས་ཆེན་དང་འགན་ལྷན་རིམ་པའི་གྲོས་ཆོད་ལྟར། འཛམ་གླིང་རྒྱལ་ཁབ་ཁག་གི་ནང་རྟེན་གཞི་བྱས་ཡོད་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ས་གནས་ཁག་དང་། དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དབར་ལ་སྔར་ལྷག་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཐོག་དབུས་སའི་སྐབས་བབ་ལས་དོན་ལམ་ལྷོངས་འཐུས་ཚང་སྲི་ཞུ་སྒྲུབ་བཞིན་ཡོད་ལ། མདོ་ཁམས་རྒྱ་ཆེའི་མི་མང་ནས་ཚོགས་པ་འདིར་ཡིད་ཆེས་དང་གདེང་འཇོག །དེ་བཞིན་བརྩི་བཀུར་དང་རེ་བ་ཆེན་པོ་གནང་བ་བཞིན་ཆུ་སྒང་གི་དཔའ་རྒོད་དམ་པ་ཚོའི་དམིགས་འདུན་སྙིང་དབུས་སུ་འཆང་སྟེ་མུ་མཐུད་ལས་དོན་ཡོངས་ཡར་རྒྱས་ཚགས་ཚུད་ཀྱིས་རྒྱུན་སྐྱོང་ཡོང་ཐབས་སུ་འབད་རྩོན་ཞུ་བཞིན་ཡོད།

རང་ཅག་བཙན་བྱོལ་ལ་འབྱོར་ནས་ཉི་མ་དེ་རིང་གི་བར་དུ་རང་ཉིད་ཀྱི་ལྟོ་ཕོར་བའི་ཁེ་ཕན་ཕྲན་བུ་ཞིག་གི་ཆེད་མི་རྗེས་ཁྱི་འགྲོ་དང་མགོ་གཡོག་མགོ་སྐོར་འོག་ལ་ཚུད་ནས། རྩྭ་གང་ཡག་དང་ཆུ་གང་ཞིམ་བལྟས་ནས་རྒྱུག་མཁན་ཁག་ཅིག་དང་། དགྲ་བོ་དང་དངོས་སུ་གདོང་ཐུག་རྒྱག་པའི་སྐབས་སུ་བྲོས་པའི་ལམ་དང་། གབ་པའི་ཁུང་བཙལ་ནས་ཡུལ་གྱར་དུ་ཡོང་མཁན་འགའ་རེས། རང་འདོད་ཕྱོགས་ལྷུང་གིས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་འདི་དང་། འདིའི་ཆེས་མཐོའི་དཔོན་རིགས་ཚོའི་མདུན་ལམ་དང་མཚན་མཐོང་ལ་གནོད་པའི་བསམ་ངན་སྦྱོར་རྩུབ་དང་། དགྲ་དགའ་གཉེན་སྡུག་གི་ལས་ངན་སྒྲུབ་མཁན་ད་ལྟའི་བར་དུ་ཕྱི་ནང་གཉིས་ནས་བྱུང་ཡོད་མོད། འདི་ནས་གུ་ཡངས་དང་སྒམ་དཀྱེལ་ལྡན་པའི་སྐབས་བབ་དབུ་ཁྲིད་རྣམས་ཀྱིས་དགྲ་གཉེན་གྱི་དབྱེ་བ་ཤེས་པའི་ཐོག་རྒོལ་ལན་སློག་རྒྱུའི་དུས་གྲོན་བྱས་མེད།  འོན་ཀྱང་རྗེས་ཕྱོགས་གནད་དོན་འདིའི་རིགས་ལ་མཁྱེན་

མཛངས་ལྡན་པའི་མདོ་ཁམས་རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་དོ་སྣང་དང་དབྱེ་ཞིབ་ངེས་པར་དུ་བྱེད་དགོས་པ་གལ་ཆེར་མཐོང་ཞེས་ནན་སྐུལ་བྱེད་འདོད་བྱུང་།

ལྷག་པར་དུ་དགྲ་བོ་རྒྱ་དམར་གཞུང་གིས་བོད་ཀྱི་རྩ་ཆེའི་དགོན་སྡེ་སྟོང་ཕྲག་མང་པོ་བཙན་གཏོར་དང་རིག་དངོས་ཁོར་ཡུག་གཏོར་བཅོམ་ཚད་མེད་བྱས་ཡོད་པ་མ་ཟད།  བོད་མི་འབུམ་ཕྲག་མང་པོ་དུས་མིན་རྐྱེན་ལམ་བཏང་ནས་བོད་རྒྱལ་ཁབ་ཆེན་པོའི་ས་ཁོངས་ཡོངས་རྫོགས་བཙན་འཕྲོག་བྱས་ནས་ད་བར་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག །ཡུལ་སྲོལ་གོམས་གཤིས་སོགས་རྩ་མེད་བཟོས་ནས་བོད་མི་རིགས་འདི་ཡང་རྒྱ་མི་རིགས་ཀྱི་ངོ་བོར་བསྒྱུར་ཐབས་བཅས།  མདོར་ན་བོད་ཅེས་པའི་ཐ་སྙད་འདིའང་འཛམ་གླིང་ས་ཁྲའི་ངོས་ནས་རྩ་མེད་དམ་ནག་བསུབ་བཟོ་རྒྱུའི་གཡོ་ཇུས་འོག  །ད་ལྟའང་གཞིས་བཞུགས་སྤུན་ཟླ་ཚོ་མུ་མཐུད་ནས་བཙོན་འཇུག་དང་། རྡུང་རྡེག །མནར་གཅོད་སྣ་མང་སོགས་མྱོང་བཞིན་ཡོད།  བོད་རྒྱལ་ཁབ་ཀྱི་བདག་དབང་སླར་གསོའི་ཆེད་དུ་མི་ལོ་ ༦༤ ནང་བོད་མི་རིགས་ཀྱིས་ཚེ་སྲོག་གི་འགྲོ་གྲོན་བཏང་ནས་དུས་རབས་ཤིག་གི་རྫོགས་ཚིག་འགོད་བཞིན་ཡོད་པ་འདི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་དྲང་བདེན་ལ་དགའ་བའི་བོད་དོན་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་དང་། ཚོགས་སྒེར་གྱི་སྐྱེ་བོ་ཡོངས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་སླད་དུ་བོད་དོན་རྒྱབ་སྐྱོར་སྔར་ལྷག་གནང་རོཊ་ཞེས་པའི་འབོད་སྐུལ་ནན་མོ་མུ་མཐུད་ཞུ་བཞིན་ཡོད།

དེ་བཞིན་རྒྱ་གཞུང་གི་དཔོན་རིགས་ཚོས་ལོ་རེ་བཞིན་དྲང་བདེན་མེད་པའི་གཡོན་ཐལ་ཅན་གྱི་སྲིད་བྱུས་འོག །ཉེ་ཆར་མདོ་ཁམས་ནག་ཆུ་ཕྱོགས་ནས་རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུས་རང་ལུས་མེར་སྲེག་གིས་མཚོན། ཛ་དྲག་གི་ངོ་རྒོལ་རྒྱུན་མ་ཆད་པ་སྤེལ་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ནི། རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་སོ་སོར་ཆོས་དང་རིག་གཞུང་། སྐད་དང་ཡི་གེ །ཁོར་ཡུག་བཅས་སྲུང་སྐྱོབ་བྱེད་ཆོག་པའི་ཆ་རྐྱེན་གསལ་པོ་འཁོད་ཡོད་ནའང་། སྲུང་སྐྱོབ་བྱེད་མཁན་བླ་སྤྲུལ་དང་རྩོམ་པ་པོ། ཤེས་ཡོན་པ། དགེ་རྒན། སློབ་ཕྲུག་སོགས་བོད་མི་ཡོངས་ལ་སྡུག་སྦྱོང་མནར་གཅོད་དང་། འཛིན་བཟུང་བཙོན་འཇུག་སོགས་བྱེད་བཞིན་པ་འདི་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཡོངས་སུ་འགལ་བ་ཞིག་ཡིན་ལ།

 དུས་རྒྱུན་ནས་བོད་ས་ཁྱོན་ཡོངས་སུ་ཆོས་དད་རང་མོས་མི་སྤྲད་པ། རང་བྱུང་གཏེར་ཁ་སྔོག་འདོན་དང་། གཙང་པོའི་ཁ་ལོ་བསྒྱུར་བ། ཤིང་ནགས་གཅོད་འབྲེག་དང་ཁོར་ཡུག་གཏོར་སྐྱོན་སོགས་བོད་ཀྱི་སྣོད་བཅུད་གཉིས་ཚབས་ཆེན་གཏོར་བརླག་བཏང་དང་གཏོང་བཞིན་པ་དང་། ལྷག་པར་དུ་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོས་

ཉེས་མེད་བོད་མི་མང་པོ་ཞིག་གང་བྱུང་འཇུ་བཟུང་དང་། བཙོན་འཇུག་མནར་གཅོད་གཏོང་བཞིན་ཡོད། མདོར་ན་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་ནས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་ཇུས་ངན་སྣ་ཚོགས་སྤེལ་བཞིན་པ་སོགས་འཕྲལ་དུ་མཚམས་བཞག་སྟེ། བོད་རྒྱ་ཞི་མོལ་གྱི་ལམ་ནས་རྒྱལ་ཁབ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་དགོས་པ་རེད་ཅེས་ནན་བརྗོད་བྱ་རྒྱུ་ཡིན།

རྒྱ་ནག་དཔོན་རིགས་ཚོས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་གཡོལ་ཐབས་བྱེད་བཞིན་པ་ནི། དོན་དངོས་ཐོག་བདེན་པ་དང་གནས་ལུགས་མེད་བཞིན་དུ་གཡོ་ཧམ་དང་གཡོན་ཐལ་ཅན་གྱི་སྲིད་ཇུས་སྣ་མང་ཞིག་བོད་མི་རིགས་འདིའི་ཐོག་ལོག་སྤྱོད་བྱེད་བཞིན་ཡོད་པའི་རྒྱུ་མཚན་གྱིས་རེད། དེ་ནི་ནམ་རིང་སྒྲུང་གིས་ཆོད་ཐབས་མེད་པ་དང་ཉི་ཤར་སྤར་མོས་ཁེབས་ཐབས་མེད་པ་ཡིན་དུས། ད་ལྟའི་དུས་སུ་བོད་རྒྱའི་དཀའ་རྙོག་གི་གནད་དོན་ཐད་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་རྒྱུའི་ཐབས་ལམ་ཉག་གཅིག་ནི། བོད་རྒྱ་གཉིས་དབར་ཕན་ཚུན་ཞི་བའི་གྲོས་མོལ་གང་ལེགས་ཤིག་ཡོང་བར་རེ་སྒུག་བྱས་ནས་ཡོད།

༸གོང་ས་མཆོག་གི་རླབས་ཆེན་ཐུགས་བསྐྱེད་ཟབ་མོའི་ཉི་འོད་སའི་གོ་ལ་འདིའི་ཐོག་འཕྲོ་བཞིན་ཡོད་པའི་གོ་སྐབས་འདི་དང་བསྟུན་ནས་བོད་མི་རིགས་ཀྱི་མངོན་འདོད་གཞིར་བཟུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱེད་དགོས་པ་ཧ་ཅང་གལ་ཆེ་བའི་གསལ་འདེབས་བྱ་རྒྱུ་དང་། གལ་སྲིད་ད་དུང་རྒྱ་གཞུང་གི་དཔོན་རིགས་ཚོས་བོད་རྒྱའི་དཀའ་རྙོག་འདི་གང་མགྱོགས་གཙང་སེལ་མ་བྱས་ཚེ། བོད་མི་རིགས་ཀྱི་བདག་དབང་སླར་གསོའི་ཆོད་སེམས་འདི་ལ་དུས་ནམ་ཡང་འགྱུར་བ་མེད་པ་ཟུར་བལྟས་ལེབ་མཐོང་ཡིན་གཤིས། འབྱུང་འགྱུར་བོད་རྒྱའི་དཀའ་རྙོག་འདིའི་རྐྱེན་རྩ་ཇི་ཡོང་ལ་རྒྱ་ནག་གཞུང་གིས་འགན་ཁུར་ཆ་ཚང་དགོས་ཞེས་དྲན་སྐུལ་ནན་མོ་བྱེད་འདོད་བྱུང་།

མཐའ་དོན། གནས་ཡུལ་རྒྱ་གར་གཞུང་དམངས་གཉིས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་སྦྲགས། ༸གོང་ས་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་དབུས་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་ཡུན་དུ་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། གངས་ཅན་དཔའ་བོའི་ཁྱུ་མཆོག་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་དང་། རྒྱལ་གཅེས་དཔའ་བོ་ལི་ཐང་ཨ་ཐར་ནོར་བུ། མི་རྗེ་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གསུམ་གྱིས་གཙོས་རྒྱལ་གཅེས་དཔའ་རྒོད་ཚོའི་རླབས་ཆེན་གྱི་དམིགས་འདུན་ཟབ་མོའམ། མགོ་ནག་བོད་མི་ཡོངས་ཀྱི་མངོན་འདོད་བོད་རང་

བཙན་གསེར་གྱི་ཉི་མ་མགྱོགས་ནས་མྱུར་དུ་འཆར་བ་དང་། གཞིས་བྱེས་ལྷན་འཛོམས་ཀྱི་རྫོགས་ལྡན་གསར་པའི་དགའ་སྟོན་ལ་གང་མགྱོགས་ལོངས་སུ་སྤྱོད་པའི་སྨོན་འདུན་ཤུགས་དྲག་བཅས།

མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་༢༠༢༢ ཟླ་ ༦ ཚེས་ ༡༦ ལ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།