མདོ་ཁམས་ཆུ་བཞི་སྒང་དྲུག

Dokham Chushi Gangdrug

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཀྱིས་ཉི་ཧོང་གི་མཐོ་སློབ་ཏུ་གཏམ་བཤད་གནང་འདུག

དེ་ཡང་སྤྱི་ཟླ་༧པའི་ཚེས་༡༡ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨྱར་ཚེ་དབང་རྒྱལ་པོ་ལགས་དང་ལྷན། ཉི་ཧོང་གི་(Chiba)་ཞིང་ཆེན་དུ་ཡོད་པའི་(Reitaku University)་གཙུག་ལག་སློབ་གཉེར་ཁང་དང་། (Chiba Institute of Technology)་འཕྲུལ་རིག་ལག་རྩལ་སློབ་གཉེར་ཁང་བཅས་ལ་འཚམས་གཟིགས་གནང་སྐབས་སློབ་ཆེན་དེ་གཉིས་ཀྱི་སློབ་སྤྱི་གཙོས་པའི་དགེ་ལས་ཡོངས་ཀྱིས་ཕེབས་བསུ་ཞུས་ཡོད་འདུག

ཤེས་རིག་བཀའ་བློན་མཆོག་གིས་སློབ་ཆེན་དེ་གཉིས་ཀྱི་ནང་བཙན་བྱོལ་བོད་མིའི་ཤེས་ཡོན་ལམ་ལུགས་དང་། དེ་བཞིན་སྤྱི་ཚོགས་དང་སེམས་མྱོང་བཟང་སྤྱོད་གོང་འཕེལ་གཏོང་ཐབས་ཀྱི་(SEE)་ཤེས་ཡོན་སློབ་གཞི་ངོ་སྤྲོད་གནང་སྐབས། ཁོང་གིས་སྔར་ནས་ད་བར་སློབ་གསོའི་དམིགས་ཡུལ་ལ་འགྱུར་བ་ངེས་ཅན་འགྲོ་བཞིན་པ་དང་། བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཤེས་ཡོན་སློབ་གསོའི་ཁྱབ་ཁོངས་རྒྱ་སྐྱེད་དུ་བཏང་བ་བརྒྱུད་ནས། བྱམས་བརྩེ་དང་བཟོད་སྒོམ་སོགས་འགྲོ་བ་མིའི་རིན་ཐང་གོང་འཕེལ་གཏོང་ཐུབ་པ་ཡིན་ན། འགྲོ་བ་མིའི་རིགས་ཞི་བདེའི་འཚོ་བ་རོལ་ཐུབ་པའི་ཐུགས་རེ་གནང་གི་ཡོད་པ་དང་།

དེང་རབས་དང་སྲོལ་རྒྱུན་གྱི་ཤེས་ཡོན་ཟུང་འབྲེལ་གྱི་ལམ་ནས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། ལོ་རྒྱུས། སྐད་ཡིག ཆོས་ལུགས་དང་གནའ་ཤུལ་སྲུང་སྐྱོབ་བྱེད་རྒྱུ་དེ་ནི་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་ནས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་བའི་རྗེས་ཀྱི་༧གོང་ས་མཆོག་གི་ཐུགས་དགོངས་གཙོ་བོ་ཡིན་པ་སོགས་ངོ་སྤྲོད་གནང་ཡོད་འདུག


སྐབས་དེར་ཉི་ཧོང་གི་སློབ་ཆེན་དེ་གཉིས་ཀའི་སློབ་སྤྱི་གཙོས་དགེ་ལས་ཡོངས་ནས་(SEE)་ཤེས་ཡོན་སློབ་གཞིར་དོ་སྣང་ཆེན་པོ་གནང་བ་དང་འབྲེལ། སློབ་གསོའི་ལམ་ལུགས་དེ་སོ་སོའི་སློབ་གྲྭའི་ནང་དར་སྤེལ་ཐད་ཤུགས་རྒྱག་རྒྱུ་ཡིན་པ་གསུང་འདུག་པ་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་འདུག

གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།