ཆུ་བཞི་སྒང་དྲུག་གི་དངོས་བྱུང་གློག་བརྙན་གྱི་ལེའུ་དང་པོ་འཁྲབ་ཁྲིད་ཟིན་ཏེ་འགྲེམས་སྤེལ་གནང་གཏན་འཁེལ་བ།
ཆུ་བཞིའི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་སྐོར་གྱི་རྒྱལ་སྤྱིའི་རང་བཞིན་གྱི་དངོས་བྱུང་གློག་བརྙན་ཞིག་འཁྲབ་ཁྲིད་ཟིན་ཏེ་འགྲེམས་སྤེལ་གནང་གཏན་འཁེལ་བ།
གནས་ཚུལ་རྒྱས་པ་གསར་འགོད་པ་བློ་བཟང་དགེ་ལེགས་ལགས་ནས་སྙན་སྒྲོན་གནང་བར་གསན་རོགས།
བོད་མི་གློག་བརྙན་བཟོ་སྐྲུན་དང་འཁྲབ་ཁྲིད་པ་གཞན་ཕན་ཁྱིམ་གསར་ལགས་ཀྱིས་ཨ་མི་རི་ཀའི་Hollywood གློག་བརྙན་བཟོ་སྐྲུན་ཁེ་གཉེར་ལས་ཁང་གི་གྲགས་ཆེ་བའི་པར་ལེན་སྒྱུ་རྩལ་བ་སྐུ་ཞབས་Brandon Cox ལགས་གཙོས་པའི་རྒྱ་གར་Bollywood གློག་བརྙན་བཟོ་སྐྲུན་ལས་ཁང་གི་པར་ལེན་སྒྱུ་རྩལ་བ་དང་བལ་ཡུལ་ནང་གྲགས་ཆེ་བའི་པར་པ་སྐུ་ཞབས་Shailendra སོགས་དང་ལྷན་དུ་མཉམ་ལས་ཀྱིས་བོད་བསྟན་སྲིད་མི་རིགས་དང་། རང་དབང་སོགས་ཀྱི་ཆེད་དུ་རྒྱ་ནག་དམར་གཞུང་གི་བཙན་འཛུལ་བ་རྣམས་བོད་ནས་མཐར་སྤྲོད་གཏོང་ཆེད་མ་བགྲོས་བསམ་པ་གཅིག་མཐུན་གྱིས་འགོ་འཛུགས་གནང་བའི་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་ཀྱི་དངོས་བྱུང་ལོ་རྒྱུས་གློག་བརྙན་གྱི་ལེའུ་དང་པོའི་བརྙན་ཕབ་ཡོངས་སུ་བསྒྲུབས་ཟིན་ཏེ། ༢༠༢༤ ལོའི་སྤྱི་ཟླ་ལྔ་པའི་ནང་དངོས་སུ་འགྲེམས་སྤེལ་གནང་རྒྱུ་ཡིན་འདུག
གཞན་ཕན་ཁྱིམ་གསར་ལགས་ཀྱིས་འཁྲབ་ཁྲིད་དང་བཟོ་སྐྲུན།
རྩོམ་བྲིས་གནང་བའི་ཆུ་བཞིའི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་སྐོར་གྱི་རྒྱལ་སྤྱིའི་རང་བཞིན་གྱི་དངོས་བྱུང་གློག་བརྙན་དེ་བཞིན་ལེའུ་བཞི་ལ་དབྱེ་ཡོད་པ་དེ་ནི་༡༩༥༨ ལོར་དམག་གི་སྒྲིག་འཛུགས་དེ་ཉིད་ཐོག་མ་དབུ་བརྙེས་ནས་བཟུང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་ཏེ། ༡༩༧༤ བར་གྱི་ལོ་རྒྱུས་གསལ་ཡོད་པ་དང་། ཉེ་ལམ་འཁྲབ་ཟིན་པའི་ལེའུ་དང་པོའི་རིང་ཚད་ལ་ཆུ་ཚོད་༢ ལྷག་ཙམ་ཡོད་པ་མ་ཟད། གློག་བརྙན་འཁྲབ་མཁན་གྱི་མི་སྣ་གཙོ་བོ་རྣམས་ནི་བོད་མི་ཡིན་འདུག
ཆུ་བཞི་སྒང་དྲུག་གི་དབུས་སྤྱི་ཁྱབ་བཀོད་འདོམས་པ་དང་དམག་སྤྱི་ཨ་འབྲུག་ཚང་མགོན་པོ་བཀྲ་ཤིས་མཆོག་ནི་བོད་བསྟན་སྲིད་མི་རིགས་དང་བཅས་པའི་རང་དབང་སླར་གསོའི་ཆེད་དུ་རྒྱ་ནག་དམར་པོ་གཞུང་ལ་དྲག་པོའི་ཕར་རྒོལ་བྱེད་མཁན་གཙོ་གྲས་ཤིག་ཡིན་པ་དང་། གློག་བརྙན་ནང་ཁོང་འཁྲབ་སྟོན་གནང་མཁན་ནི་ཨ་མི་རི་ཀའི་California མངའ་སྡེའི་ནང་གནས་བཞུགས་བསྟན་འཛིན་དོན་གྲུབ་ལགས་ཡིན་འདུག་ཅིང་། ཁོང་ནི་རྒྱ་གར་ལ་སྐྱེས་ཚར་བྱུང་སྟེ། ཕྱིས་སུ་ཨ་རིར་གནས་སྤོས་བྱས་ནས། འདས་པའི་ལོ་ལྔའི་རིང་གློག་བརྙན་འཁྲབ་སྟོན་བྱེད་སྟངས་ཀྱི་སློབ་ཁྲིད་ལ་བཞུགས་ཏེ། ད་ལྟའི་ཆར་མུ་མཐུད་སློབ་གཉེར་བྱེད་མུས་ཡིན་འདུག
ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གིས་རྒྱ་དམར་གྱི་བཙན་འཛུལ་ལ་འགོག་རྒོལ་དམག་འཐབ་བྱས་པའི་ལོ་རྒྱུས་ནང་། བོད་ཀྱི་བེུད་ཁག་ཅིག་དམག་གི་སྒྲིག་འཛུགས་དེ་ཉིད་ལ་གཞོག་འདེགས་ཞུས་པའི་སྐོར་ལོ་རྒྱུས་ནང་གསལ་ཡོད་པ་བཞིན། རྒྱ་གར་ཤར་ཕྱོགས་ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞས་ཆགས་སུ་སྐྱེས་ཚར་བྱུང་བའི་པདྨ་མཚམས་གཅོད་ལགས་ཀྱིས། ཆུ་སྒང་དམག་གི་རྒྱ་དམར་ལ་ཕར་རྒོལ་བྱེད་པའི་སྐབས་ཨ་མོ་ཞེས་པའི་བེུད་དེས་དམག་འཁྲུག་སྐབས་་བློ་སྟོབས་ཆེན་པོས་ཕྲུག་གུ་དང་བེུད་སྲུང་སྐྱོབ་ཇི་ལྟར་བྱེད་པའི་སྐོར་འཁྲབ་སྟོན་གནང་འདུག
ཡང་དེ་དང་ཕྱོགས་མཚུངས་རྒྱ་ནག་དམར་པོའི་གཞུང་གིས་བོད་ལ་བཙན་བྱོལ་བྱེད་པའི་སྐབས་བོད་ཀྱི་དགོན་སྡེ་ཁག་དང་གྲྭ་བཙུན་སྟོང་ཕྲང་མང་པོར་གནོན་སྐྱོན་ཚབ་ཆེན་བཏང་ཡོད་པ་མ་ཟད། དགེ་འདུན་པ་མང་པོ་ཞིག་ཀྱང་བསྟན་པ་དང་མི་རིགས་ཀྱི་དོན་དུ་་ཆུ་སྒང་སྒྲིག་འཛུགས་གནང་མཉམ་ཞུགས་གནང་ཡོད་པ་རེད། རྒྱ་ནག་གི་བཙན་རྒོལ་ལ་ཕར་རྒོལ་བྱེད་མཁན་དགེ་འདུན་པ་ཞིག་གི་ལོ་རྒྱུས་དུམ་བུ་ཞིག་Mexico གནས་ཞུགས་དཔལ་ལྡན་བདེ་ཁང་ལགས་ཀྱིས་འཁྲབ་སྟོན་གནང་འདུག
སྤྱིར་ལོ་རྒྱུས་ནི་རྒྱལ་ཁབ་གང་ཞིག་གི་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་དུས་རབས་ཀྱི་འཕེལ་ཕྱོགས་བཅས་ཀྱི་ནང་བཙན་འཛུལ་དང་འགོག་རྒོལ་། ནང་འཁྲུག་དང་ཕྱིར་འཐབ། འཛུལ་སྐྲུན་དང་འཕེལ་རྒྱས་སོགས་མདོར་ན་མི་རིགས་དེའི་བྱུང་འདས་ཀྱི་སྣང་བརྙན་གསལ་བའི་མེ་ལོང་ལྟ་བུ་ཞིག་ཡིན་པ་མ་ཟད། མདུན་ལམ་གསལ་བའི་སྒྲོན་མེ་ཞིག་ཀྱང་ཡིན་པས། གློག་བརྙན་བཟོ་སྐྲུན་པ་གཞན་ཕན་ཁྱིམ་གསར་ལགས་ཀྱིས། སྒྱུ་རྩལ་གྱི་ལམ་ནས་བོད་མིའི་དངོས་བྱུང་ལོས་རྒྱུས་བོད་མི་རང་ངོས་ནས་འཁྲབ་སྟོན་དང་བཟོ་སྐྲུན། རྩོམ་བྲིས་བྱས་ཏེ་འཛམ་གླིང་ལ་གསལ་སྟོན་བྱེད་རྒྱུར་དམིགས་ཡུལ་དེ་བཞིན་ལོ་མང་གོང་ནས་ཡོད་འདུག
གཞན་ཡང་སྤྱི་ལོ་༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་བོད་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་ཨ་འབྲུག་ཚང་མགོན་པོ་བཀྲ་ཤིས་མཆོག་གི་སྣེ་ཁྲིད་འོག་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་ནས་དཔའ་མཛངས་བརྟུལ་ཕོད་ཅན་གྱི་དཔའ་རྒོད་རྣམས་ལྷན་འཛོམས་ཀྱིས་ཆུ་སྒང་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དེ་ཉིད་བཙུགས་ཏེ། ད་ཆ་མི་ལོ་ཧྲིལ་པོ་༦༥ འཁོར་གྱི་ཡོད་ཅིང་། ཉེ་རབས་བོད་ཀྱི་ལོ་རྒྱུས་ནང་རྒྱལ་ཁབ་དང་རང་དབང་འཐབ་རྩོད་ནང་དམག་གི་སྒྲིག་འཛུགས་ཀྱིས་ཁ་གཏད་གདོང་ལེན་བྱས་པའི་དམིགས་བསལ་ལེ་ཚན་ཞིག་ཆགས་ཡོད་པ་མ་ཟད། ཨ་རིའི་གཞུང་གི་གསང་བའི་ཡིག་ཆ་དང་། རྒྱ་ནག་དམག་གི་ལོ་རྒྱུས་སོགས་ཀྱི་ནང་ལའང་འཁོད་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།